ང་བོད་པའི་བུ་ཡིས་བོད་ཡིག་སྦྱོང་།

༈ ང་བོད་པའི་བུ་ཡིས་བོད་ཡིག་སྦྱོང༌། སྐལ་བཟང་ཉི་མ།
༈ ངའི་ཕ་རྒན་སྤྲེའུས་ཀ་ཞེས་བོས།།
ངའི་མ་རྒན་སྲིན་མོས་ཨ་ཞེས་གསུངས།།
ངའི་ཕ་མ་གཉིས་ཀྱི་གླུ་སྐད་ཡིན།།
ང་བོད་པའི་བུ་ཡིས་བོད་ཡིག་སྦྱོང༌།།
ངའི་རུས་མདངས་དཀར་པོ་བོད་ནས་ཆགས།།
ངའི་རྣམ་ཤེས་གཙང་མ་བོད་ནས་འཁོར།།
ངའི་སྐད་ངག་དྭངས་མོ་བོད་ཀྱི་གདངས།།
ང་བོད་པའི་བུ་ཡིས་བོད་ཡིག་སྦྱོང༌།།

ངའི་མེས་པོ་གདུང་དྲུག་ཀ་ཨས་གསོས།༌།
ངའི་བཙན་པོའི་བླ་ཡིག་ཀ་ཨས་བྲིས།།
ངའི་བཅུ་ཕྲག་རིག་སྒོ་ཀ་ཨས་ཕྱེས།།
ང་བོད་པའི་བུ་ཡིས་བོད་ཡིག་སྦྱོང༌།།

ངའི་ངོ་མདངས་དབྱངས་གསལ་སོ་བཞིས་མདོག།
ངའི་མི་ཚེ་དབྱངས་གསལ་སོ་བཞིའི་ལམ།།
ངའི་ཕུགས་འདུན་དབྱངས་གསལ་སོ་བཞིར་བཅོལ།།
ང་བོད་པའི་བུ་ཡིས་བོད་ཡིག་སྦྱོང༌།།

ངའི་སྦྲ་ཁྱིམ་ཨ་ལི་ཀ་ལིས་སྲུང༌།།
ངའི་བྲང་ཁོག་ཨ་ལི་ཀ་ལིས་ཁེངས།།
ངའི་ལང་ཚོ་ཨ་ལི་ཀ་ལིས་རྒྱན།།
ང་བོད་པའི་བུ་ཡིས་བོད་ཡིག་སྦྱོང༌།།

No comments:

Post a Comment