འགྲོ

འགྲོ། རྩོམ་པ་པོ། མྱི་ལྟིག
དམར་གསོད་མཚོན་ཆའི་འཇབ་རྒོལ་འོག་ནས་ཞི་བདེའི་མཁའ་དབུགས་རྔུབ་ཏུ་འགྲོ།
ལར་ཞེན་དཔའ་བོའི་གད་རྒྱངས་ཀློང་ནས་འཕག་འཚག་འོ་དོད་འབོད་དུ་འགྲོ།
ལོ་ཟླ་སྐྱ་མོའི་ཆག་གྲུམ་གསེབ་ནས་ཕོ་བྲང་དམར་པོ་སྲུང་དུ་འགྲོ།
གདུང་ཡུས་ལྕི་མོའི་ཕམ་ཉེས་ཀློང་ནས་སྐྱོ་གདུང་གླུ་གཞས་གཏོང་དུ་འགྲོ།

 གཞན་ཕན་ལྷག་བསམ་གྲོགས་སུ་བསྡེབས་ནས་རླབས་ཆེན་བྱ་བཞག་བསྒྲུབ་ཏུ་འགྲོ།
གནས་ལུགས་ཟབ་མོའི་ཉིང་ཁུ་འཐུང་ནས་རྟོགས་སད་སྐོར་བྲོ་འཁྲབ་ཏུ་འགྲོ།
དུས་རབས་གསར་བའི་གསེར་ཟམ་བརྒྱུད་ནས་ཚན་རྩལ་རིག་པ་འདྲེན་དུ་འགྲོ།
འདས་སོང་དཔའ་བོའི་ཚེ་སྲོག་ཆེད་དུ་རྗེས་དྲན་རྡོ་རིང་བསླང་དུ་འགྲོ།

དྲོད་གྲང་འདྲེས་མའི་སྙན་ངག་འབྲི་ཞོར་རྩོམ་རིག་དེད་དཔོན་འཚོལ་དུ་འགྲོ།
འཐེན་ཁྱེར་ཆོལ་ཁའི་ཐག་པ་བཅད་ནས་མཐུན་སྒྲིལ་དཔུང་བ་གཤིབ་ཏུ་འགྲོ།
ལུས་སེམས་གཉིས་ཀ་ཤར་ནུབ་མ་གྱེས་རེ་སྙེག་གོམ་ཁ་བསྙམ་དུ་འགྲོ།
སྨག་རུམ་མུན་པའི་སེང་རས་གཤགས་ནས་གོ་ལའི་ཁྱོན་ལ་ལྟད་མོར་འགྲོ།

No comments:

Post a Comment