ལང་ཚོ་འབར་བྱུང་།

ལང་ཚོ་འབར་བྱུང་། རྩོམ་པ་པོ། མི་ཉག་གངས་ཟླ།
ལུས་ལང་ཚོའི་དཔྱིད་དཔལ་འདི་ལྟར་འབར་ཞིང་།།
ངག་འབོད་བརྡས་གནམ་སའི་ཡོད་ཚད་འགུག་དུས།།
ཐུགས་རེ་བའི་འདུན་པ་སུ་ལ་གཏད་ཡོད།།
སྡུག་མིག་ཆུའི་འོག་གི་བོད་འབངས་ཉམ་ཆུང་།།
རང་དབང་དང་བདེ་སྐྱིད་མེད་པ་མིན་ན།།
མེ་དམར་པོར་ཚ་སྣང་ཅི་ལ་མི་འཆར།།

༸མགོན་གངས་རིའི་བླ་མའི་བྱམས་བརྩེའི་འོག་ཏུ།།
དུས་རྟག་ཏུ་སྡོད་རྒྱུའི་སྨོན་ལམ་དེ་ཡིས།།
ད་ཕེབས་ཀྱང་ཆོག་པའི་བསོད་ནམས་བསགས་སོང་།།

གངས་རི་དང་རྩྭ་ཐང་སྔར་བཞིན་གནས་ཤིང་།།
ཕ་མ་དང་གཉེན་གྲོགས་ཤུལ་ན་ལྷག་འདུག།
ཁྱེད་ཕྱིར་ལ་ཕེབས་པར་རེ་སྒུག་བྱས་ཡོད།།

No comments:

Post a Comment