གཙེས་སོང་།

གཞས་མིང་། གཙེས་སོང་། རྩོམ་པ་པོ། རྨེའུ་དཀོན་རྒྱམ།
 ༡༽ ཉི་མ་སེར་བོའི་འོད་ཀྱིས། །
འཛམ་གླིང་བསྐོར་བ་རྒྱབ་དུས། །
ཉི་འོད་མེད་པའི་མཐོ་སྒང༌། །
གྲང་རླུང་བཙན་པོས་གཙེས་སོང༌། །
༢༽ ཟླ་བ་དཀར་བོའི་འོད་སྣང༌། །
མུན་ནག་བཙན་པོས་བསྒྲིབས་དུས། །
ཟླ་འོད་མེད་པའི་མཐོ་སྒང༌། །
མུན་པ་སྟུག་པོས་གཙེས་སོང༌། །

༣༽ སྐར་ཚོགས་སྤུན་ཟླའི་མཐུན་འབྲེལ། །
ཐོ་རངས་རྩུབ་མོས་གཏོར་དུས། །
ལྷན་འཛོམས་དཀའ་བའི་མཐོ་སྒང༌། །
དྲན་གདུང་སྐྱུར་མོས་གཙེས་སོང༌། །

༤༽ བདེན་དཔང་བཙན་པོའི་ལོ་རྒྱུས། །
རྫུན་འགེབས་སྦས་སྐུང་བྱས་དུས། །
བདེན་མཐའ་མེད་པའི་མཐོ་སྒང༌། །
ཧམ་སེམས་ཆེན་པོས་གཙེས་སོང༌། །

༥༽ ཕུན་སུམ་ཚོགས་པའི་ཡུལ་ཁམས། །
གདོན་འཕྲུལ་ལྟ་བུས་བརླག་དུས། །
སྲུང་དབང་མེད་པའི་མཐོ་སྒང༌། །
གཅེར་བུར་ཕུད་པས་གཙེས་སོང༌། །

༦༽ ཉེས་མེད་ཆེ་ཆུང་ཀུན་པོ། །
དྲག་པོས་ཁུང་བུར་དེད་དུས། །
རང་དབང་བྲལ་བའི་མཐོ་སྒང༌། །
མགོན་སྐྱབས་མེད་པས་གཙེས་སོང༌། །

No comments:

Post a Comment