གདོང་དམར་བོད་པ།

གདོང་དམར་བོད་པ།
                 རྩོམ་པ་པོ། གཉན་པོ།
གདོང་དམར་བོད་འདི་བཙན་པོའི་རྒྱུད།།
དཔའ་ངར་བྲེ་སེར་འབྲོང་གི་སྤུན།།
རྟ་དམག་སྟོང་གི་ཟིལ་ཤུགས་ཀྱིས།།
ས་ཆེན་ཁྱོན་ལ་དབང་བསྒྱུར་མྱོང་།།


བྱམས་ལྡན་བོད་འདི་བཟང་བོའི་རྒྱུད།།
གཤིས་རྒྱུད་རྣམ་སད་ལྷ་ཡི་ཟླ།།
དར་དཀར་ལྟ་བུའི་བརྩེ་བ་ཡིས།།
སྙན་གྲགས་འཛམ་གླིང་ཁྱོན་ལ་སྤུར།།

བསམ་དཀར་བོད་འདི་སྤྲེལ་སྲིན་རྒྱུད།།
ཁྱིམ་གཞིས་གཅིག་གི་མིང་སྲིང་འདྲ།།
གཅིག་གིས་གཅིག་ལ་སྙིང་ཉེ་ན།།
བོད་མའི་སྲོག་རྩ་དེ་ཡིས་འཛིན།།

No comments:

Post a Comment