མི་ཡུལ་གྱི་དག་ཞིང་།

མི་ཡུལ་གྱི་དག་ཞིང་། __ གཞས་ཚིག རྩོམ་པ་པོ་འཛུམ།
སྟོད་ལ་གངས་རི་དཀར་པོ་བརྗིད།
གངས་ལ་སེང་གེ་དཀར་མོས་གཡུ་རལ་གསིགས།
མ་ཡུམ་ལགས། གངས་ལྗོངས་ཕྱུག་མོ།
ཁྱེད་ནི་ཤར་ནུབ་ཆུ་བོ་བརྒྱ་ཕྲག་གི་འབྱུང་ཁུངས་དང་།
ནམ་ཡང་མཐོ་སྒང་ཁ་བ་རི་པའི་གཞིས་ཁྱིམ་ཡིན།

བར་ལ་ལྗང་མདོག་ནགས་ཀླུང་འཐུག
ནགས་ལ་དམར་ཡག་སྟག་གིས་ངར་སྐད་སྒྲོག
མ་ཡུམ་ལགས། གངས་ལྗོངས་ཕྱུག་མོ།
ཁྱེད་ནི་རི་སྐྱེས་སྲོག་ཆགས་སྟོང་ཕྲག་གི་འཚོ་གནས་དང་།
ནམ་ཡང་མཐོ་སྒང་ཁ་བ་རི་པའི་རྒྱབ་རྟེན་ཡིན།

སྨད་ལ་མུ་མེད་སྤང་ལྗོངས་མཛེས།
སྤང་ལ་རྟ་ནོར་ལུག་གིས་བྲོ་གར་འཁྲབ།
མ་ཡུམ་ལགས། གངས་ལྗོངས་ཕྱུག་མོ།
ཁྱེད་ནི་མཛེས་སྡུག་ལྡན་པའི་མི་ཡུལ་གྱི་དག་ཞིང་དང་།
ནམ་ཡང་མཐོ་སྒང་ཁ་བ་རི་པའི་རྩེད་ར་ཡིན།
27/ 8/ 2015/

No comments:

Post a Comment