༢ ངོ་སྤྲོད། དོན་གྱི་མེ་ལོང་།

༈ ངོ་སྤྲོད་།

༈ བོད་ཀྱི་གཞས་ཚིག་དྲྭ་བ་འདིའི་བརྒྱུད་རིམ་རོབ་བཤད་ཅིག་བྱས་ན། དེའང་བོད་ཀྱི་སྐད་ཡིག་འདི་བརྒྱུད་འཛིན་དར་སྤེལ་ཞིག་དགོས་ན། དེ་ཉིད་ས་ཁྱབ་རྡོ་ཁྱབ་ཀྱིས་དར་རྒྱས་སུ་གཏོང་དགོས་པ་ལས། ཡ་གིའི་མཆོད་གཤམ་ནང་དུ་སྒྲིག་གཤོམ་བྱ་རྒྱུ་ཡོད་པ་ཙམ་དང་། དགོན་སྡེ་དང་སློབ་གྲྭ་འགའི་ནང་སྦྱོང་ཁྲིད་བྱེད་རྒྱུ་ཡོད་པ་ཙམ་གྱིས་མི་འགྲིག་པའི་གནས་ལུགས་འདིས། བོད་ཀྱི་གླུ་གཞས་ཐད་ནས་བསམ་ན། དུས་མཐུན་བརྗོད་སྙིང་ལྡན་པའི་གླུ་གཞས་རེའི་ངོ་བོར་བསྒྱུར་ཐུབ་དགོས་ཀྱི་འདུག
གང་ཡིན་ཟེར་ན། དེའི་ཤུགས་ནུས་ཀྱིས་མི་རབས་གསར་པ་ཚོ་བོད་ཀྱི་སྐད་ཡིག་ལ་དོ་དབྱིངས་ཡོང་རྒྱུར་ཕན་ཐོགས་ཡོད་པ་རེད།
གྲུབ་འབྲས་བཟང་པོ་དེའི་ཡོང་ཁུངས་ནས་བསམ་དུས་དེ་སྔོན་གྱི་ང་ཚོའི་སྤྱི་ཚོགས་ནང་དུ་རྩོམ་པ་པོ་དང་གཞས་པ་ཚོའི་དབར་བར་སྟོང་ཞིག་ལྷག་བསྡད་ཡོད་པ་རེད་ལ། ཆད་ལུས་ཀྱི་ཉེས་དམིགས་འདི་རྣམས་སྤང་པ་ནི་ཡིག་ཐོག་གི་ཤོམ་ར་ཙམ་མིན་པ་སྐད་ཡིག་སྲུང་སྐྱོབ་ཀྱི་ཐད་ལ་ཧ་ཅང་ཕན་ནུས་ལྡན་པའི་བྱ་འགུལ་གལ་ཆེན་ཞིག་ཡིན། དེ་ལྟར་བྱུང་པའི་ཕྱི་ཉིན་ནས་རྩོམ་པ་པོ་ཚོས་གཞས་པ་ཚོའི་མགྲིན་པ་བེད་སྤྱོད་ཐུབ་པ་དང་། གཞས་པ་ཚོས་རྩོམ་པ་པོའི་རྣམ་དཔྱོད་བེད་སྤྱོད་ཐུབ་སོང་བ་རེད་ལ། དེ་གཉིས་ཆིག་སྒྲིལ་བར་གྱི་ཁེ་སྐྱེད་དེས་བོད་ལ་རླབས་ཆེན་གྱི་ཞབས་འདེབས་ཤིག་འགྲུབ་ཡོང་བ་ནི་འདོན་མི་ཟ་བའི་རྟེན་འབྲེལ་ཞིག་ཡིན།

ལས་ཀ་འདི་ཉིད་ཐོག་མ་དམིགས་བསལ་དྲྭ་ཚིགས་ཤིག་གི་ངོ་བོར་བཟོ་བསྐྲུན་མ་ཐུབ་པ་རང་མཁོས་དང་བསྟུན་ནས་ཟིན་བྲིས་ཤིག་གི་རྣམ་པར་བཟོས་ཡིན། དེ་བཟོས་རྗེས་བོད་ཀྱི་རྩོམ་པ་པོ་ཚོར་འབྲེལ་བ་རིམ་པར་བྱས་འབྲས་ལྷག་བློ་ཅན་ཁ་ཚིག་དོན་གནས་པ་འགས་གཞས་ཚིག་མང་པོ་ཞིག་གནང་སོན་བྱུང་ལ། དེ་རྣམས་ཀྱང་ཟིན་བྲིས་ར་བ་དེར་རིམ་བཀོད་ཀྱིས་བོད་ཕྱི་ནང་གི་གཞས་པ་ཚོར་འབྲེལ་ལམ་གང་ཐུབ་ཐུབ་ཞུས་པ་ཡིན།
དེ་ལས་ཀྱང་བཙན་བྱོལ་ཁྲོད་ཀྱི་གཞས་པ་ཕལ་མོ་ཆེའི་ཕྱག་ཏུ་དྲ་བའི་ཁ་བྱང་རང་ཉིད་ཀྱིས་དངོས་སུ་ཕུལ་ནས་འགྲེལ་བརྗོད་ཞུ་རྒྱུ་བྱུང་མོད། སྟབས་མ་ལེགས་པ་ཞིག་ལ་དེ་སྔོན་གྲགས་ཅན་གཞས་པ་ཕུར་བུ་རྣམ་རྒྱལ་ཙམ་ལས་སུས་ཀྱང་བེད་སྤྱོད་གཏོང་གིན་ཡོད་པའི་བརྡ་ལན་འབྱོར་མ་བྱུང་།
ཡིན་ནའང་ནམ་རྒྱུན་གཞས་ཚིག་རྣམས་དྲྭ་ཚིགས་ཤིག་གི་ངོ་བོར་འགྲེམ་སྤེལ་ཐུབ་ན་དྲན་བསྡད་པ་དེ་ད་ཆར་དངོས་སུ་ལག་བསྟར་ཐུབ་སོང་བས་དགའ་ཚོར་ཆེན་པོ་ཞིག་ཡོང་གིན་འདུག་ལ། བཟོ་བསྐྲུན་འདི་དག་གིས་ཀྱང་མཐའ་ཐུག་གི་དམིགས་ཡུལ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ལ་རམ་འདེགས་ཆེན་པོར་ཡོང་རྒྱུའི་ཡིད་ཆེད་དང་རེ་བ་བྱེད་ཀྱིན་ཡོད་པས་དམིགས་འདུན་འདིའི་ཆེད་དུ་ཤ་ཚ་མཁན་དང་ཡིད་དུང་མཁན་རྣམས་ཀྱིས་ག་དུས་ཀྱང་ཐ་ན་བརྒྱུད་བསྒྲགས་བྱ་རྒྱུ་ཙམ་ནས་བཟུང་སྟེ་གཞོག་འདེགས་གནང་རོགས་ཞུ་རྒྱུ་ཡིན།

འོན་ཀྱང་གཞས་སྣ་ཁག་ཕན་ནུས་ལྡན་པ་ཡོང་མིན་དང་མང་ཚོགས་ཀྱིས་དགའ་མོས་ཐོབ་མིན་ནི། གཞས་པ་དང་། རྩོམ་པ་པོ། ད་རུང་གཞས་གདངས་བཟོ་མཁན་བཅས་ལ་རག་ལུས་ཡོད་པ་མངོན་གསལ་དོད་པོ་རེད། དེ་ལས་ཀྱང་གཞས་ཚིག་ནི་གླུ་གཞས་ཀྱི་སྲོག་ལྟ་བུ་ཡིན་པས། དེས་སྤྱི་ཚོགས་གང་གི་རྩོམ་པ་པོའི་ངོ་གདོང་གསལ་པོར་མཚོན་གྱི་ཡོད་། གལ་སྲིད་གླུ་གཞས་ཀྱི་བརྗོད་དོན་ཐད་ནས་མ་འདང་ས་ཞིག་ཡོད་ན། དེ་ནི་ཁ་ཕོ་ཇི་ཙམ་ངོམ་ཡང་ཡུལ་ཕྱོགས་དེའི་རྩོམ་པ་པོ་དག་གི་འགན་ཁུར་མེད་པའི་ཉེས་སྐྱོན་དང་འབྲེལ་བ་དམ་ཟབ་ཡོད་པ་རེད།
གཞས་གཏོང་མཁན་ལ་བསམ་ནའང་། རྒྱ་ཆེའི་མང་ཚོགས་ལ་གུས་བརྩི་ཆེན་པོས་ནམ་ཡང་སྤྱི་ཚོགས་དེའི་འགན་ཁྱེར་ནས་གཞས་གཏོང་དགོས་པ་ལས། སྐད་ངག་ཡོད་པ་ཙམ་དང་རང་གི་དགའ་ཕྱོགས་ཙམ་གྱི་ང་རྒྱལ་ཁྱེར་ནས་བྱུང་རྒྱལ་དུ་གླུ་གཞས་གཏོང་ན་དེ་ནི་མི་རིགས་དང་རྒྱལ་ཁབ་ལ་བཞག་པའི་སྡིག་ཉེས་རེའང་ཡིན་སྲིད་། སྤྱིར་བཏང་གཞས་ཤིག་གཏོང་བ་ལ། ཐོག་མ་གཞས་ཚིག་ཡག་པོ་དང་གདངས་སྙན་མོ་མཁོ་སྒྲུབ་བྱ་དགོས་པ་ལས་། ཁྲལ་སོད་དང་སླ་ཆོས་ཀྱིས་ནམ་ཡང་མི་འགྲིག་པ་ཤེས་དགོས་རྒྱུ་ནི་ཐོག་མའི་ཆ་རྐྱེན་རེད་དྲན།

བརྒྱུད་རིམ་འདི་དག་དེད་ཡོང་དུས་ང་ཚོའི་སྤྱི་ཚོགས་ནང་ལ་གཞས་ཚིག་རྩོམ་པ་པོ་དང་། གདངས་བཟོ་བ་བཅས་ཀྱི་ཐད་ནས་ཆེད་ལས་པ་མེད་སོང་བ་འདིས་ཀྱང་གོད་ཆག་ཆེན་པོ་སྤྲོད་ཀྱིན་འདུག་པས། གོ་སྐབས་འདི་བཟུང་སྟེ་མཐའ་ན་ང་ཚོ་བོད་མི་རིགས་ཤིག་གི་ཁྲག་རུས་ལས་གྲུབ་ཡོད་པའི་ཚུལ་ལ་ཁྲེལ་ཤེས་པར་བྱས་ཏེ་བོད་མི་མི་རེ་ངོ་རེ་ནས་མི་རིགས་འདི་དང་སྐད་ཡིག་འདིའི་སྟོང་ཆ་འགེང་རྒྱུ་དང་། ཉམས་ཆག་གསོ་རྒྱུ། འགན་ཁུར་གནང་རྒྱུ་བཅས་ཀྱི་རེ་འབོད་ཀྱང་ཞོར་དུ་བྱེད་ཀྱིན་ཡོད།

དྲྭ་ཚིགས་འདི་ཉིད་རང་ཉིད་ཀྱིས་སྒྲིག་བཟོ་བྱས་པ་ཡིན་པས། རང་ཉིད་ནི་དྲ་བའི་ཆེད་ལས་པ་དང་རྒྱུས་མྱོང་ཅན་དེ་འདྲ་མིན་སྟབས་དཀའ་ཚེགས་གང་མང་ཞིག་སྤྱད་དགོས་བྱུང་། བརྒྱུད་རིམ་དེའི་ནང་ཆོས་གྲོགས་ཨོ་རྒྱན་རིག་འཛིན་ལགས་ཀྱིས་བསམ་ཚུལ་དང་ལམ་སྟོན་གང་མང་གནང་བྱུར་བར་ཁ་དྲོ་ཞུ། འོ་རེད། རང་ཉིད་ཤེས་དམན་རྒྱུས་ཆུང་ཤིག་གི་ངོས་ནས་དྲ་བ་འདིའི་ཞན་ཆ་མིག་ལ་མི་མཛེས་ཤིང་སྤྱོད་སྟབས་མི་བདེ་བའི་རིགས་ལ་འདི་ནས་དགོངས་དག་ཞུ་བཞིན་ཡོད་། ཐུགས་རྗེ་ཆེ།། ཞེས་ཕྱི་ལོ་ ༢༠༡༡་༡༠་༢༤ཉིན་དོ་དམ་པ་འཆམ་ར་དྲི་མེད་རྒྱལ་མཚན་གྱིས་གུས་འདུད་དང་བཅས།